ལེའུ་བཅུ་གཉིས༌པ།
ཁ་ཏར་དགའ་བ་ཤེས་ཡོན་ལ་དགའ༌ཞིང༌། །བཀའ་བཀྱོན་ལ་ནི་སྡང་བ་གླེན་པ༌ཡིན།། བཟང་པོར་ཡ་ཝཱེའི་ཐུགས་རྗེ་འཐོབ་པ༌དང༌། །ཇུས་ངན་གཤོམ་པར་ཡ་ཝཱེས་ཉེས་ཆད༌གཅོད།། ངན་པའི་ཐབས་ཀྱིས་སུ་ཡང་ཚུགས་མི༌ཐུབ། །དྲང་པོའི་རྩ་བར་ནམ་ཡང་གཡོ་འགུལ༌མེད།། བུད་མེད་འཇོན་པོ་ཁྱོ་གའི་གཙུག་རྒྱན༌ཡིན། །ངོ་ཚར་སྦྱོར་མཁན་དེ་ཡི་རུས་མྱགས༌འདྲ།། དྲང་པོའི་འཆར་བཀོད་དྲང་བདེན་ཡིན༌ན་ཡང༌། །ངན་པའི་ཐབས་ཇུས་གཡོ་སྒྱུའི་སྦྱོར་བ༌ཡིན།། ངན་པའི་ཚིག་ནི་འཇབ་ནས་མི་གསོད༌ཀྱང༌། །དྲང་པོའི་སྨྲ་སྒོས་དེ་རྣམས་སྐྱོབ་པ༌ཡིན།། མི་ངན་འགྱེལ་ན་རྩ་བ་ཉིད་ནས༌འཇིག །དྲང་པོའི་ཁྱིམ་གཞིས་བརྟན་པོར་གནས་པ༌འོ།། ཤེས་རྒྱའི་དབང་གིས་མི་ལ་བསྟོད་བསྔགས༌འབྱུང༌། །བསམ་པ་གྱ་གྱུ་ཅན་ལ་སྨད་པར༌འགྱུར།། རང་རློམ་བྱེད་ཀྱང་ཁ་ཟས་ཆད་པ༌ལས། །གཞན་གྱིས་སྨད་ཀྱང་གཡོག་པོ་ཡོད་མཁན༌ལེགས།། 10 དྲང་པོས་རང་གི་ཕྱུགས་ཀྱི་སྲོག་ལ༌གཅེས། །ངན་པས་སྙིང་རྗེ་བསྐྱེད་ཀྱང་གདུག་རྩུབ༌ཡིན།། 11 འབད་པས་སོ་ནམ་བྱེད་པར་ཟས་ཀྱིས༌མོད། །འཕྲུལ་སྣང་སྙེག་མཁན་དངོས་གནས་བླུན་རྨོངས༌ཡིན།། 12 སྡིག་སྤྱོད་ཅན་ནི་ངན་པའི་རྙི་རྒྱར༌ཆགས། །དྲང་པོའི་རྩ་བས་འབྲས་བུ་བསྐྱེད་པ༌ཡིན།། 13 མི་ངན་རང་གི་གཏམ་གྱི་རྙི་རུ༌འཚུད། །དྲང་པོ་དཀའ་སྡུག་ལས་ནི་ཐར་བར༌འགྱུར།། 14 མི་ཡིས་སྨྲ་སྒོའི་འབྲས་བུ་དེའི་རྐྱེན༌གྱིས། །རྫས་མཆོག་ལ་ནི་ཚིམ་པར་རོལ་བ༌དང༌། །མི་ཡིས་བྱས་པའི་ལས་ཀ་རང་སྟེང༌འབབ།། 15 བླུན་པོའི་མིག་ལ་རང་གི་སྤྱོད་པ༌དྲང༌། །ཤེས་རབ་ཅན་གྱིས་ཞལ་ཏར་ཉན་པ༌ཡིན།། 16 བླུན་པོའི་ཁོང་ཁྲོ་སྐད་ཅིག་ཉིད་ལ༌མངོན། །མཛངས་པས་ངོ་ཚ་གཟོད་པར་ནུས་པ༌ཡིན།། 17 དྲང་གཏམ་སྨྲ་བས་དྲང་བདེན་མངོན་པར༌བྱེད། །རྫུན་གྱི་དཔང་པོས་མགོ་སྐོར་གཏོང་བ༌འོ།། 18 གང་བྱུང་ཚིག་ནི་རལ་གྲིས་བསྣུན་འདྲ༌ཡིན། །མཁས་པའི་ལྗགས་ཀྱིས་མི་ནི་གསོ་བར༌མཛད།། 19 དྲང་གཏམ་སྨྲ་བའི་མཆུ་སྒྲོས་གཏན་དུ༌ཚུགས། །རྫུན་གྱི་ལྕེ་ནི་སྐད་ཅིག་ཉིད་ལ༌ཡལ།། 20 དོན་ངན་གཤོམ་པའི་སེམས་ལ་གཡོ་སྒྱུ༌བཅངས། །བར་འདུམ་པ་ཡི་སེམས་སུ་དགའ་མགུ༌རང༌།། 21 དྲང་པོའི་མགོ་ལ་བར་ཆད་མི་འབྱུང༌མོད། །འོན་ཀྱང་ངན་པས་དཀའ་སྡུག་ཚད་མེད༌མྱོང༌།། 22 རྫུན་གྱི་མཆུ་ལ་ཡ་ཝཱེ་ཞེན་ལོག༌ཅིང༌། །དྲང་པོར་སྤྱོད་པ་དག་ལ་ཁོང་ནི༌དགྱེས།། 23 མཛངས་པས་རང་གི་ཤེས་ཡོན་སྦ་བྱེད་ཀྱང༌། །གླེན་པའི་སེམས་ཀྱིས་གླེན་རྟགས་སྟོན་པ༌ཡིན།། 24 བརྩོན་འགྲུས་ཅན་གྱི་ལག་པས་སྲིད་སྐྱོང༌ཞིང༌། །ལེ་ལོ་ཅན་ནི་སྡུག་པོའི་ལས་ལ༌སྦྱོར།། 25 སེམས་པ་འཚབ་ན་མི་ནི་བག་འཁུམ༌ཞིང་། །གཏམ་སྙན་གྱིས་ནི་མི་དེ་སྤྲོ་བར༌བྱ།། 26 དྲང་པོས་ཁྱིམ་མཚེས་ལ་ནི་ལམ་སྟོན༌ཞིང༌། །ངན་པའི་ལམ་གྱིས་མི་རྣམས་ལོག་ལམ༌འཇུག། 27 ལེ་ལོས་རང་གི་རྔོན་ཤ་མེར་མི༌སྲེག །ཧུར་བརྩོན་ཅན་ལ་རིན་ཆེན་རྒྱུ་ནོར༌འཐོབ།། 28 དྲང་བདེན་ལམ་དུ་ཚེ་སྲོག་ཡོད་པ་དང༌། །ལམ་བུ་དེ་རུ་འཆི་བ་གཏན་ནས༌མེད།།