ལེའུ་སུམ་ཅུ་པ།
ཡ་ཝཱེས་ཉིད་ཀྱི་མི་རྣམས་ལ་ཞལ་བཞེས་གནང་བ།
དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ཁྱོད་ཀྱིས་ངས་ཁྱོད་ལ་སྨྲས་པའི་བཀའ་ཐམས་ཅད་གཞུང་ལ་ཡི་གེར་ཁོད་ཅིག ལྟོས་ཤིག དུས་དེ་སླེབས་ལ་ཉེའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་ཏེ། ངས་རང་གི་འབངས་མི་ཡེས་ར་ཨེལ་དང་ཡ་ཧུ་དཱ་ནས་བཙོན་དུ་ཁྲིད་པའི་མི་རྣམས་ཕྱིར་ལོག་པར་བྱའོ། །དཀོན་མཆོག་ཡ་ཝཱེས་ཡང་འདི་སྐད་དུ། ངས་དེ་དག་གི་ཕ་མེས་རྣམས་ལ་གནང་བའི་ཡུལ་ཁམས་སུ་དེ་དག་ཕྱིར་ལོག་ཏུ་འཇུག་ཅིང་། ཡུལ་དེ་ཡང་བསྐྱར་ཁོ་རྣམས་ལ་ས་སྐལ་དུ་འཐོབ་པར་འགྱུར་ཞེས་པའོ་ཞེས་གསུངས་སོ། ། ཡང་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་དང་ཡ་ཧུ་དཱའི་སྐོར་ལ་གསུངས་པའི་བཀའ་ནི་འདི་ལྟ་སྟེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། འཇིགས་ནས་སྐད་ངན་འདོན་པའི་སྒྲ་ངས་ཐོས་བྱུང་། དེ་ནི་དངངས་སྐྲག་ལས་ཞི་བདེ་མིན། ཁྱོད་རྣམས་སོང་ནས་འདྲི་རྟོག་གྱིས་ལ་ལྟོས་ཤིག སྐྱེས་པས་ཕྲུ་གུ་བཙའ་ནུས་སམ། དར་མ་རྣམས་ཀྱིས་སྐྱེ་གཟེར་རྒྱག་པའི་བུད་མེད་དང་འདྲ་བར་ལག་པས་གྲོད་པ་བསྐྱོར་ནས་རེ་རེའི་ངོ་མདོག་སྐྱ་བོར་འགྱུར་བ་ངས་མཐོང་བ་འདི་ཅི་ཡིན་ནམ། ཀྱི་ཧུད། ཉིན་མོ་དེ་ནི་འཇིགས་སུ་རུང་བའི་རྐྱེན་གྱིས་དེ་ལ་འགྲན་ཟླ་མེད། འདི་ནི་ཡ་ཀོབ་ལ་སྡུག་བསྔལ་འབྱུང་བའི་དུས་ཡིན་ཡང་ཁོ་རང་སྡུག་བསྔལ་དེ་ལས་ཐར་བར་འགྱུར་ཞེས་པའོ་ཞེས་གསུངས། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཉིན་དེར་སླེབས་ཚེ། ངས་དེ་རྣམས་ཀྱི་མཇིང་པ་ལས་དགྲ་བོའི་གཉའ་ཤིང་བཅག་ནས་ཁོ་ཚོའི་ཀོ་བའི་ཐག་པ་དེ་གཅོད་ཅིང་། མི་ཡན་རྣམས་ཀྱིས་དེ་དག་སླར་གཡོག་ཏུ་བཀོལ་བར་མི་འགྱུར་རོ། ། དེ་རྣམས་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེ་དང་ངས་དེ་དག་གི་དོན་དུ་བསྐོས་པའི་རྒྱལ་པོ་དཱ་བིད་ལ་གཡོག་བྱེད་པར་འགྱུར། 10 ཀྱེ་ངའི་ཞབས་ཕྱི་ཡ་ཀོབ་ཁྱོད་རང་མ་འཇིགས་ཤིག ཀྱེ་ཡེས་ར་ཨེལ་ཁྱོད་མ་དངངས་ཤིག ཅི་ལ་ཞེ་ན། ངས་རྒྱང་རིང་ཡུལ་ནས་ཁྱོད་སྐྱོབ་ཅིང་། བཙོན་དུ་ཁྲིད་པའི་ཡུལ་ནས་ཁྱོད་ཀྱི་བུ་རྒྱུད་རྣམས་སྒྲོལ་བར་བྱའོ། །དེ་ནས་ཡ་ཀོབ་ཕྱིར་ལོག་ངེས་ཤིང་། སེམས་བདེ་ལ་བབས་ནས་བག་ཕབ་ངང་འདུག་པར་འགྱུར་ལ། སུས་ཀྱང་དེ་སྐྲག་པར་མི་བྱའོ། ། 11 ང་རང་ཁྱོད་དང་མཉམ་དུ་གནས་ཤིང་ཁྱོད་སྐྱོབ་པར་འགྱུར་ལ། ངས་ཁྱོད་ཅག་སྐྲོད་སའི་ཡུལ་གྱི་མི་རིགས་ཀུན་ཚར་བཅད་ནའང་ཁྱོད་རང་ཚར་གཅོད་པར་མི་བྱ། ངས་དྲང་གཞག་སྒོས་ཁྱོད་ལ་ཉེས་ཆད་གཅོད་པ་ལས། ཁྱོད་རྩ་བ་ནས་ཉེས་མེད་དུ་བརྩིས་པ་མིན་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 12 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱི་རྨ་ཁ་གསོ་མི་ནུས་ལ་ཁྱོད་ཀྱི་རྨས་སྐྱོན་ཤིན་ཏུ་ཆེ། 13 ཁྱོད་ཀྱི་རྩོད་པའི་ཕྱིར་ཞུ་མཁན་དང་རྨ་ཁའི་ཕྱིར་ཁྱོད་ལ་སྨན་གང་ཡང་མེད། 14 ཁྱོད་ཀྱི་མཛའ་བོ་ཀུན་གྱིས་ཁྱོད་རང་བརྗེད་ནས་ཁྱོད་འཚོལ་ཞིབ་མི་བྱེད་དེ། ཅི་ལ་ཞེ་ན། ཁྱོད་ཀྱི་ཉེས་སྐྱོན་མང་དྲགས་པ་དང་སྡིག་པ་ཚབས་ཆེ་བས་ན། ངས་དགྲ་བོས་ཁྱོད་ལ་རྡུང་བ་ལྟར་ཁྱོད་ལ་བརྡུངས་ཤིང་། སྙིང་རྗེ་མེད་པའི་ཚུལ་དུ་ཁྱོད་ལ་ཉེས་ཆད་བཅད་པ་ཡིན། 15 ཁྱོད་ཀྱིས་རྨ་ཁའི་ཕྱིར་འོ་དོད་ཅི་ལ་འདོན། ཁྱོད་ཀྱི་ཟུག་གཟེར་ནི་གསོ་ཐབས་མེད་དེ། ཁྱོད་ཀྱི་ཉེས་སྐྱོན་མང་དྲགས་པ་དང་སྡིག་པ་ཚབས་ཆེ་བས་ངས་ཁྱོད་ལ་འདི་ལྟར་བྱས་སོ། ། 16 ཡིན་ནའང་ཁྱོད་ཟ་མཁན་ཐམས་ཅད་ཀྱང་བཟའ་བར་འགྱུར་ལ། ཁྱོད་ཀྱི་དགྲ་གཅིག་ཀྱང་མ་ལུས་པར་བཙོན་དུ་འགྲོ་བར་འགྱུར། ཁྱོད་འཇོམས་མཁན་རྣམས་ཀྱང་འཇོམས་པ་དང་། ངས་ཁྱོད་ལས་འཕྲོག་མཁན་ཐམས་ཅད་ལས་ཀྱང་འཕྲོག་པར་བྱའོ། ། 17 མི་ཡིས་ཁྱོད་ནི་ཕྱི་རུ་སྤྱུགས་པའི་མི་དང་སུས་ཀྱང་འཚོལ་ཞིབ་མི་བྱེད་པའི་ཛ་ཡན་ཡིན་ནོ་ཞེས་ཟེར་མོད། འོན་ཀྱང་ངས་ཁྱོད་ཀྱི་ནད་སངས་པ་དང་རྨ་རྣམས་གསོ་བར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 18 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་ཡ་ཀོབ་ཀྱི་གུར་རྣམས་སླར་ཡང་དར་བར་བྱས་ནས་དེའི་གནས་ཚང་ལ་སྙིང་རྗེ་བསྐྱེད་ཅིང་། སྔ་མའི་ཞིག་རོའི་སྟེང་དུ་གྲོང་ཁྱེར་བརྩིག་པ་དང་ཕོ་བྲང་ནང་དུ་སྔར་བཞིན་མི་རྣམས་འདུག་པར་འགྱུར། 19 ཡང་གཏང་རག་འབུལ་བའི་མགུར་དང་དགའ་མགུ་བྱེད་པའི་སྐད་སྒྲ་དེ་ལས་ཐོན་པར་འགྱུར་ཏེ། ངས་དེ་དག་འཕེལ་བར་བྱེད་པ་ལས་རྒུད་དུ་མི་འཇུག་ལ། ཁོ་ཚོར་དཔལ་སྦྱིན་པ་ལས་སྐྱེངས་པར་མི་བྱའོ། ། 20 དེ་དག་གི་བུ་རྒྱུད་རྣམས་ལ་སྔར་བཞིན་ཐུགས་རྗེ་འཐོབ་པ་དང་། དེ་དག་གི་མི་ཚོགས་ངའི་མདུན་དུ་བརྟན་པོར་ཚུགས་པར་འགྱུར། ཡང་ཁོ་རྣམས་ལ་གཉའ་གནོན་བྱེད་མཁན་ཐམས་ཅད་ལ་ངས་ཉེས་ཆད་གཅོད་ངེས་ཡིན། 21 དེ་དག་གི་འགོ་དཔོན་ནི་དེ་དག་རང་གི་མི་ཡིན་ཞིང་། དབང་འཛིན་མཁན་ཡང་དེ་དག་གི་ནང་ནས་ཐོན་ནོ། །ངས་དེ་དག་ང་དང་ཉེ་བར་འདྲེན་ཞིང་དེ་ཡང་ང་དང་ཉེ་བར་བཅར་ངེས་ཡིན། དེ་མིན་ངའི་མདུན་དུ་འོང་བའི་སྙིང་སྟོབས་སུ་ལ་ཡོད་ཅེས་གསུངས་པ་དང་། 22 ཁྱོད་ཅག་ངའི་འབངས་མི་དང་། ང་ཁྱོད་ཀྱི་དཀོན་མཆོག་ཏུ་འགྱུར་རོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 23 ལྟོས་ཤིག དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ནི་རླུང་དམར་དང་འདྲ་ཞིང་། རླུང་འཚུབ་དྲག་པོ་ཡིན་ཏེ་ངན་པའི་མགོ་ལ་འཁོར་བར་འགྱུར། 24 དཀོན་མཆོག་ཡ་ཝཱེའི་ཐུགས་དགོངས་རྣམས་དངོས་སུ་འགྲུབ་པའི་བར་དུ། ཁོང་གི་ཐུགས་ཁྲོ་ལ་ཞི་བ་མེད་ཅིང་། མཐའ་མའི་ཉིན་མོ་དག་ལ་ཁྱོད་ཅག་གིས་དོན་འདི་རྟོགས་པར་འགྱུར་རོ། །