ལེའུ་བཅུ་གསུམ་པ།
སྐ་རགས་ཀྱི་དཔེ།
1 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་སོང་ལ་སོ་རས་ཀྱི་སྐ་རགས་ཤིག་ཉོས་ཏེ་རྐེད་པར་དཀྲིས་ཤིག ཡང་དེ་ཆུའི་ནང་དུ་མ་སྦང་ཞིག་ཅེས་གསུངས་པས། 2 ངས་ཀྱང་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་སྐ་རགས་ཤིག་ཉོས་ནས་རང་གི་རྐེད་པར་དཀྲིས་སོ། ། 3 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ཐེངས་གཉིས་པ་ང་ལ་བྱུང་སྟེ་འདི་སྐད་དུ། 4 ཁྱོད་ཀྱིས་རང་གིས་ཉོས་ཡོང་ནས་རྐེད་པར་དཀྲིས་ཡོད་པའི་སྐ་རགས་ཁྱེར་ནས། ཡར་ལོངས་ལ་ཕི་རཱད་གཙང་པོའི་འགྲམ་དུ་སོང་ལ། སྐ་རགས་དེའི་བྲག་ཕུག་ནང་དུ་སྦ་བར་གྱིས་ཞེས་གསུངས་པ་ལ། 5 དཀོན་མཆོག་ཡ་ཝཱེས་ང་ལ་བཀའ་བབས་པ་བཞིན་དུ། བདག་སོང་ནས་སྐ་རགས་དེ་ཕི་རཱད་གཙང་པོའི་འགྲམ་དུ་སྦས་སོ། ། 6 ཡང་ཉིན་མང་པོ་འགོར་རྗེས་དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་ལོངས་ལ་ཕི་རཱད་གཙང་པོར་སོང་ནས། བདག་གིས་ཁྱོད་ལ་བཀའ་བབས་ཏེ་སྦས་པའི་སྐ་རགས་དེ་ལོངས་ཤོག་ཅེས་གསུངས། 7 དེ་ནས་ང་ཕི་རཱད་གཙང་པོར་སོང་ནས་སྐ་རགས་དེ་ངས་སྦས་ས་ནས་བསློགས་ཏེ་བླངས་པ་ན། ལྟོས་ཤིག སྐ་རགས་ཧྲུལ་ནས་བེད་མེད་དུ་གྱུར་ཏོ། ། 8 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་བ་འདི་ལྟ་སྟེ། 9 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཡ་ཧུ་དཱའི་ང་རྒྱལ་དང་ཡེ་རུ་སཱ་ལེམ་གྱི་རང་སྣང་ཆེན་པོ་ཡང་དེ་དང་དེ་བཞིན་དུ་ཉམས་པར་བྱའོ། ། 10 མི་ངན་པ་འདི་དག་གིས་ངའི་བཀའ་ལ་མི་མཉན་པར། རང་གི་གཤིས་རྒྱུད་གྱོང་པོ་བཞིན་དུ་སྤྱོད་པ་སྤྱད་དེ། ལྷ་གཞན་རྣམས་ཀྱི་རྗེས་སུ་འབྲངས་པ་དང་དེ་དག་ལ་ཞབས་ཏོག་བསྒྲུབས་ནས་ཕྱག་བཙལ་བས། ཁོ་རྣམས་ཀྱང་སྐ་རགས་འདི་བཞིན་དུ་སྤྱོད་ཡུལ་གང་ཡང་མེད་པར་འགྱུར། 11 སྐ་རགས་ཅི་ལྟར་མི་ཡི་རྐེད་པར་འབྱར་བ་བཞིན། ངས་ཀྱང་ཡེས་ར་ཨེལ་ཁྱིམ་རྒྱུད་ཐམས་ཅད་དང་ཡ་ཧུ་དཱའི་ཁྱིམ་རྒྱུད་ཐམས་ཅད་ནི། ང་ལ་གཏོགས་པའི་མི་ལ་གྱུར་ནས་ང་ལ་མཚན་སྙན་གྲགས་དང་། བསྟོད་པ། གཟི་བརྗིད་བཅས་འབྱུང་བར་ངས་རང་ལ་སྦྱར་བ་ཡིན་མོད། འོན་ཀྱང་དེ་དག་གིས་མཉན་པར་མ་འདོད་དོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། །
རྒུན་ཆང་གི་རྫ་མའི་དཔེ།
12 དེའི་ཕྱིར། ཁྱོད་ཀྱིས་དེ་དག་ལ་འདི་ལྟར། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། རྒུན་ཆང་གི་རྫ་མ་རེ་རེ་རྒུན་ཆང་གིས་བཀང་བར་བྱོས་ཤིག་ཅེས་པའོ་ཞེས་སྨྲོས་དང་། དེ་དག་གིས་ཁྱོད་ལ་ལན་དུ། ངེད་ཅག་གིས་རྒུན་ཆང་གི་རྫ་མ་རེ་རེ་རྒུན་ཆང་གིས་བཀང་བར་བྱེད་མི་ཤེས་སམ་ཞེས་སྨྲ་བར་འགྱུར་ལ། 13 ཡང་ཁྱོད་ཀྱིས་དེ་དག་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་གནས་འདིའི་ཡུལ་མི་ཐམས་ཅད་དེ། དཱ་བིད་ཀྱི་ཁྲི་ལ་བཞུགས་པའི་རྒྱལ་པོ་དང་མཆོད་དཔོན། ལུང་སྟོན་པ། ཡེ་རུ་སཱ་ལེམ་གྱི་ཡུལ་མི་ཐམས་ཅད་རྒུན་ཆང་གིས་རབ་ཏུ་བཟི་བར་བྱེད་ཅིང་། 14 བདག་གིས་དེ་རྣམས་ཕན་ཚུན་འགལ་བར་བྱེད་དེ་ཕ་དང་བུ་ཡང་ཕན་ཚུན་འགལ་བར་འགྱུར། བདག་གིས་གཅེས་སུ་མི་འཛིན་ཞིང་། ཤ་ཚ་བར་མི་བྱེད་ལ། སྙིང་རྗེ་ཡང་མི་བྱེད་པར་དེ་དག་ཚར་དུ་གཅོད་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 15 འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པ་ཡིན་པས་ཁྱོད་ཚོས་ཉོན་ཅིག རྣ་བ་གཏད་ནས་ཉོན་ཅིག ང་རྒྱལ་མ་སྐྱེས་ཤིག 16 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ད་དུང་མུན་ནག་མ་གནང་གོང་དང་། ཁྱོད་རྣམས་ཀྱི་རྐང་པ་མུན་པ་འཐིབས་པའི་རི་བོར་མ་འགྱེལ་སྔོན་དུ། གཟི་བརྗིད་ཐམས་ཅད་ཁོང་ལ་ཕུལ་དང་། དེ་མིན་ཚེ་ཁྱོད་རྣམས་ཀྱིས་འོད་ལ་སྒུག་ཀྱང་ཁོང་གིས་འོད་ནི་སྨག་རུམ་དང་མུན་ནག་ཏུ་མཛད་དོ། ། 17 ཁྱོད་རྣམས་ཀྱིས་གཏམ་འདིར་མི་མཉན་ན། ཁྱོད་ཚོའི་ང་རྒྱལ་གྱི་ཕྱིར་ང་རང་ཕག་ནས་ངུས་ཏེ་ངའི་མིག་ལས་སྡུག་གི་མཆི་མ་བཞུར་ངེས་ཡིན། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་ལུག་ཁྱུ་བཙོན་དུ་ཁྱེར་བའི་ཕྱིར་རོ། ། 18 ཁྱོད་ཀྱིས་རྒྱལ་པོ་དང་རྒྱལ་ཡུམ་གཉིས་ལ་འདི་ལྟར། ཁྱོད་ཅག་གི་དཔལ་དང་ལྡན་པའི་ཅོད་པན་དེ་ཁྱོད་ཚོའི་མགོ་ནས་མར་ལྷུང་བས་ན་ཁྱོད་རྣམས་ནི་ཁེངས་སྐྱུང་ངང་སྡོད་ཅིག་ཅེས་སྨྲོས་ཤིག 19 ནེ་གུབ་ཡུལ་གྱི་གྲོང་ཁྱེར་རྣམས་ཀྱི་སྒོ་བརྒྱབ་ནས་དེ་འབྱེད་མཁན་སུ་ཡང་མེད་ལ། ཡ་ཧུ་དཱ་ཡོངས་རྫོགས་བཙོན་དུ་ཁྱེར་ནས་ཚང་མ་བཙོན་དུ་ཁྲིད་དོ། ། 20 ཁྱོད་རྣམས་ཀྱིས་མགོ་བོ་ཡར་བཀྱགས་ཏེ་བྱང་ཕྱོགས་ནས་འོངས་པའི་མི་རྣམས་ལ་ལྟོས་ཤིག ཁྱོད་ཀྱིས་གཟི་བརྗིད་དུ་བརྩིས་པའི་ལུག་ཁྱུ་སྟེ་སྔར་ཁྱོད་ལ་གནང་བའི་ལུག་ཁྱུ་ད་ལྟ་གང་དུ་ཡོད་དམ། 21 དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱིས་བསླབས་པའི་མནའ་གྲོགས་རྣམས་འགོ་དཔོན་དུ་བསྐོས་ནས་ཁྱོད་ལ་དབང་བསྒྱུར་བར་མཛད་པས་ཁྱོད་ལ་སྨྲ་བ་ཅི་ཞིག་ཡོད་དམ། ཁྱོད་སྡུག་བསྔལ་གྱིས་བཟུང་ནས་གཟེར་རྒྱག་པའི་བུད་མེད་ལྟར་འགྱུར་བ་མ་ཡིན་ནམ། 22 ཇི་སྟེ་ཁྱོད་ཀྱིས་སེམས་སུ་དོན་འདི་ཐམས་ཅད་བདག་གི་སྟེང་དུ་བྱུང་བ་ཅི་ཡིན་ནམ་སྙམ་ན། ཁྱོད་ཀྱི་ཐུ་བ་རྣམས་ཡར་བཀྱགས་ནས་ཁྱོད་ཀྱི་ཕྱི་རྟིང་རྨས་པ་ * འདིར་ཕྱི་རྟིང་རྨས་པ་ཞེས་པ་ནི་བཙན་གཡེམ་བྱས་པར་གོ་བ་ཡིན།ནི་ཁྱོད་སྡིག་པ་ཆེ་བའི་རྐྱེན་གྱིས་ཡིན། 23 གུ་ཤ་པས་སྐྱི་མོ་ག་ལ་བསྒྱུར་ཐུབ་བམ། གཟིག་གིས་རང་གི་ཁྲ་ཐིག་བརྗེ་ནུས་སམ། ཇི་སྟེ་ནུས་ན། སྤྱོད་ངན་ལ་གོམས་པ་ཁྱོད་ཚོས་ཀྱང་བཟང་པོ་སྤྱོད་ནུས་པ་ཡིན། 24 དེ་བས་ངས་དེ་དག་ནི་དབེན་སྟོང་གི་རླུང་གིས་འཁྱེར་བའི་སྦུར་མ་ལྟར་འཁུར་བར་བྱའོ། ། 25 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། འདི་ནི་ཁྱོད་ལ་འཐོབ་འོས་པ་སྟེ་བདག་གིས་ཁྱོད་ལ་ཚད་པའི་ཟ་སྐལ་ཡིན། ཅི་ལ་ཞེ་ན། ཁྱོད་ཀྱིས་ང་བརྗེད་པར་གྱུར་ནས་རྫུས་མ་ལ་བརྟེན་པའི་ཕྱིར་རོ། ། 26 དེའི་ཕྱིར་ངས་ཁྱོད་ཀྱི་ཐུ་བ་ཡར་བརྫེས་ནས་ཁྱོད་ཀྱི་གདོང་ལ་བཀབ་སྟེ་ཁྱོད་ཀྱི་ངོ་ཚ་རྣམས་མངོན་པར་བྱ། 27 ཁྱོད་ཀྱིས་ས་སྟོང་གི་རི་ཀླུང་རྣམས་སུ་ལོག་གཡེམ་སྤྱད་ནས་སྐད་ཅོར་རྒྱག་པ་དང་། གཡེམ་སྦྱོར་ལ་བརྩོན་པའི་ཞེན་ལོག་གི་ལས་འདི་རྣམས་ངས་མཐོང་བ་ཡིན། ཀྱེ་ཡེ་རུ་སཱ་ལེམ་ཁྱོད་ལ་ཆག་སྒོ་འབྱུང་། ཁྱོད་གཙང་མར་བཟོ་མི་འདོད་པར་ག་དུས་བར་དུ་བསྒུག་དགོས་སམ་ཞེས་གསུངས་སོ། །