ལེའུ་དྲུག་པ།
ཡེ་རུ་སཱ་ལེམ་གྱི་མཐའ་ནས་བསྐོར་ཞིང་རྒོལ་བ།
1 ཀྱེ་པེན་ཡཱ་མེན་པ་རྣམས། སྲོག་ཐར་བར་ཡེ་རུ་སཱ་ལེམ་ནས་བྲོས་ཏེ། ཐེ་ཀོ་ཨ་རུ་རྭ་དུང་བུས་ཤིག པེད་ཧག་ཀེ་རེམ་དུ་བརྡ་མཚོན་རྒྱལ་མཚན་སྒྲེངས་ཤིག ཅི་ལ་ཞེ་ན། ཆག་སྒོ་དང་གཏོར་བརླག་ཆེན་པོ་ནི་བྱང་ཕྱོགས་ནས་སླེབས་ལ་ཉེ། 2 ཡིད་དབང་འཕྲོག་པའི་ཛ་ཡན་* འདིར་ཛ་ཡན་ཞེས་པ་ཡེ་རུ་སཱ་ལེམ་ལ་གོ་དགོས།གྱི་བུ་མོ་ནི་བདག་གིས་མེད་པར་བྱེད་ངེས་ཡིན། 3 རྫི་བོས་ལུག་ཁྱུ་དེད་ནས་དེར་སླེབ་པ་དང་། དེའི་ཕྱོགས་བཞི་ནས་གུར་ཕུབ་སྟེ་རེ་རེས་རང་རང་གི་གནས་སུ་ལུག་ཁྱུ་འཚོ་བར་འགྱུར། 4 ཁྱོད་རྣམས་ཀྱིས་དེ་ལ་རྒོལ་བར་གྲ་སྒྲིག་བྱོས་ཤིག ཡར་ལོངས་དང་། རང་ཅག་ཉིན་གུང་ལ་ཡར་འགྲོ་བར་བྱ། ཀྱེ་ཧོ། ཉི་མ་ནུབ་ལ་ཉེ་ཞིང་ས་སྲོས་གྲིབ་མ་ཇེ་རིང་དུ་སོང་། 5 དེ་བས་ལོངས་དང་རང་ཅག་མཚན་མོའི་དུས་སུ་ཡར་སོང་ནས་དེའི་བཙན་རྫོང་རྣམས་གཏོར་དགོས། 6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་ཤིང་སྡོང་ཆོད་ཅིག ས་རགས་བརྩིགས་ནས་ཉེས་ཆད་གཅོད་འོས་པའི་གྲོང་ཁྱེར་ཏེ་ཡེ་རུ་སཱ་ལེམ་ལ་རྒོལ་བར་གྱིས་ཤིག ཅི་ལ་ཞེ་ན། གྲོང་ཁྱེར་དེ་རུ་གཉའ་གནོན་གྱིས་བཀང་བས་སོ། ། 7 ཁྲོན་པ་ནས་ཇི་ལྟར་ཆུ་འཕྱུར་བ་བཞིན་གྲོང་ཁྱེར་འདི་ལས་དེ་ལྟར་སྡིག་པ་ཐོན་ཡོང་། དེའི་ནང་དུ་གདུག་རྩུབ་དང་གཏོར་བརླག་བྱེད་པའི་དོན་རྣམས་སྦས་ཡོད་པ་དང་། ན་ཚ་དང་རྨས་སྐྱོན་ཡང་རྒྱུན་དུ་ང་ཡི་མདུན་དུ་ཡོད། 8 ཀྱེ་ཡེ་རུ་སཱ་ལེམ། བདག་གི་སེམས་ཁྱོད་དང་རིང་དུ་མི་གྱེས་པ་དང་། ངས་ཁྱོད་དབེན་སྟོང་དུ་བསྒྱུར་ནས་མི་མེད་ལུང་སྟོང་ལ་འགྱུར་དུ་མི་འཇུག་པའི་ཆེད་དུ་ཁྱོད་ཀྱིས་བསླབ་བྱ་ལོངས་ཤིག་ཅེས་གསུངས་སོ། །
ངོ་ལོག་བྱས་པའི་ཡེས་ར་ཨེལ།
9 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དགྲ་བོ་རྣམས་ཀྱིས་རྒུན་འབྲུམ་གཙང་མར་བཏོགས་པ་བཞིན་ཡེས་ར་ཨེལ་གྱི་མི་ལྷག་ལུས་རྣམས་ཀྱང་འཇོམས་པར་བྱེད། ཁྱོད་ནི་རྒུན་འབྲུམ་འཐོག་མཁན་དང་འདྲ་བར་ལག་པ་ཡལ་གའི་སྟེང་དུ་བསྲིངས་ནས་ཡང་ཡང་བཏོག་དགོས་ཞེས་གསུངས་སོ། ། 10 ད་ལྟ་བདག་གིས་སུ་ཞིག་ལ་གཏམ་སྨྲའམ། སུ་ཞིག་ལ་ཐ་ཚིག་བསྒྲགས་ནས་མཉན་པར་བྱའམ། ལྟོས་ཤིག དེ་དག་གི་རྣ་བ་གཙང་མར་མ་མཛད་པས་ཐོས་མི་ནུས་ལ། ལྟོས་ཤིག དེ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ངོ་ཚ་རུ་བརྩི་བ་ལས་དགའ་སྤྲོ་རུ་མི་བརྩི། 11 དེ་བས། བདག་ནི་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ཡིས་བཀང་སྟེ་བཟོད་མི་ནུས་ཤིང་། ཁྱོད་ཀྱིས་ཐུགས་ཁྲོ་དེ་ནི་སྲང་གི་བྱིས་པ་དང་མཉམ་དུ་འཛོམས་པའི་ན་གཞོན་རྣམས་ཀྱི་སྟེང་ལ་འཕོ་བར་གྱིས་ཤིག ཁྱོ་ཤུག་གཉིས་ཀ་དང་བགྲེས་པོ། ཚེ་ལོ་མཐར་ཕྱིན་པ་བཅས་ཐམས་ཅད་ལྷན་ཅིག་ཏུ་འཛིན་པར་འགྱུར་རོ། ། 12 ཡང་དེ་དག་གི་ཁང་པ་དང་ཞིང་ས། ཆུང་མ་བཅས་ནི་གཞན་ལ་དབང་བར་འགྱུར། བདག་གིས་ལག་པ་བརྐྱངས་ནས་ས་འདིའི་ཡུལ་མི་རྣམས་ལ་རྒོལ་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 13 ཅི་ལ་ཞེ་ན། དེ་དག་མཆོག་དམན་སུ་ཡིན་ཡང་ཐམས་ཅད་འདོད་རྔམ་ཅན་ཡིན་ཞིང་། ལུང་སྟོན་པ་ནས་མཆོད་དཔོན་རྣམས་ཀྱི་བར་དུ་ཐམས་ཅད་ཀྱིས་གཡོ་སྒྱུའི་སྦྱོར་བ་སྤེལ་ཏོ། ། 14 དེ་རྣམས་ཀྱིས་ཧོལ་རྒྱུག་གིས་ངའི་མི་རྣམས་ཀྱི་རྨས་སྐྱོན་གསོས་ནས་ན་རེ། ད་ནི་བདེའོ་ད་ནི་བདེའོ་ཟེར་ཡང་། དོན་དམ་དུ་བདེ་བ་མེད་དོ། ། 15 དེ་རྣམས་ཀྱིས་ཞེན་ཁ་ལོག་པའི་དོན་བྱས་ཏེ་ངོ་ཚ་བར་འོས་ན་ཡང་། དེ་རྣམས་ལ་ངོ་ཚ་བའི་ཚོར་སྣང་ཙམ་ཡང་མེད་དེ་ངོ་ཚ་ཁྲེལ་མེད་རང་ཡིན་ནོ། །དེ་བས། དེ་རྣམས་ནི་སར་འགྱེལ་བའི་མི་རྣམས་དང་མཉམ་དུ་འགྱེལ་ངེས་ལ། ངས་དེ་རྣམས་ལ་ཉེས་ཆད་གཅོད་སྐབས་དེ་རྣམས་འགྱེལ་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 16 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ལམ་ཁར་འགྲེང་ནས་ལྟོས་ཤིག གནའ་བོའི་བཞུད་ལམ་རྣམས་ལ་རྩད་ཆོད་ཅིག ལམ་བཟང་པོ་དེ་གང་དུ་ཡོད་ན་དེའི་ནང་དུ་འགྲུལ་བར་གྱིས། འདི་ལྟར་སྤྱད་ན་ཁྱོད་རྣམས་ཀྱི་སེམས་སུ་ངལ་གསོ་རྙེད་པར་འགྱུར། འོན་ཀྱང་དེ་དག་གིས་ངེད་རྣམས་དེའི་ནང་དུ་འགྲུལ་བར་མི་བྱ་ཞེས་སྨྲས་སོ། ། 17 བདག་གིས་ཁྱོད་རྣམས་ཀྱི་དོན་དུ་སོ་པ་བསྐོས་ཏེ། གཟབ་གཟབ་ངང་རྭ་དུང་གི་སྐད་ལ་ཉོན་ཅིག་ཅེས་སྨྲས་ནའང་། ཁོ་རྣམས་ཀྱིས་ངེད་ཅག་གིས་མི་མཉན་ཞེས་སྨྲས། 18 དེ་བས། ཀྱེ་མི་རིགས་རྣམས་ཀྱིས་ཉོན་ཅིག ཀྱེ་ཡེས་ར་ཨེལ་གྱི་མི་ཚོགས་རྣམས། ཁོ་རྣམས་ལ་ཅི་ཞིག་འབྱུང་བ་རྟོགས་པར་གྱིས། 19 ཀྱེ་ས་གཞི་ལགས་ཉོན་དང་། ལྟོས་ཤིག ཁོ་རྣམས་ཀྱིས་ངའི་བཀའ་ལ་རྣ་བ་བླགས་ནས་མ་མཉན་པ་དང་ངའི་བཀའ་ཁྲིམས་ཀྱང་དོར་བ་ཡིན་པས། བདག་གིས་མི་འདི་རྣམས་ཀྱི་སྟེང་ལ་ཆག་སྒོ་འབྱུང་བར་བྱ་སྟེ། དེ་ནི་ཁོ་རྣམས་ཀྱི་ཇུས་ངན་ལས་ཐོགས་པའི་འབྲས་བུ་ཡིན་ནོ། ། 20 ཤེ་བཱ་ནས་ཡོང་བའི་སྤོས་དཀར་དང་རྒྱང་རིང་ནས་ཐོན་པའི་དྲི་ཞིམ་ཤུ་དག་བདག་ལ་ཕུལ་བས་ཅི་ལ་ཕན། ཁྱོད་རྣམས་ཀྱི་སྦྱིན་སྲེག་གི་མཆོད་པ་ལ་བདག་མི་དགའ། ཁྱོད་ཚོའི་མཆོད་རྫས་རྣམས་ལ་ཡང་བདག་མི་མགུ་ཞེས་གསུངས་སོ། ། 21 དེ་བས་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་བཀག་རྡོ་མི་སྡེ་འདིའི་མདུན་དུ་འཇོག་པར་བྱ་སྟེ། ཕ་དང་བུ་གཉིས་ཀ་དེའི་སྟེང་དུ་འགྱེལ་བ་དང་། ཁྱིམ་མཚེས་དང་གྲོགས་པོ་ལྷན་ཅིག་ཏུ་མེད་པར་འགྱུར་ཞེས་གསུངས་སོ། །
བྱང་ཕྱོགས་ནས་འོངས་པའི་བཙན་འཛུལ་པ།
22 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག དམག་དཔུང་ཞིག་བྱང་ཕྱོགས་ནས་འོང་གིན་འདུག ས་གཞིའི་མཐའ་མཚམས་ནས་མི་རིགས་ཆེན་པོ་ཞིག་བསྐུལ་ནས་སླེབས་ཤིང་། 23 དེ་དག་གི་ལག་ཏུ་གཞུ་དང་མདུང་བཟུང་སྟེ་གདུག་རྩུབ་ཆེ་ལ་སྙིང་རྗེ་མེད་པ་དང་། རྒྱ་མཚོའི་རྦ་རླབས་འཕྱུར་བ་ནང་བཞིན་དེ་དག་གིས་ང་རོ་འདོན། ཀྱེ་ཛ་ཡན་གྱི་བུ་མོ་ལགས། དེ་རྣམས་རྟ་ལ་ཞོན་ནས་བསླེབ་ཅིང་གཡུལ་ངོར་ཞུགས་པའི་དམག་མི་ནང་བཞིན་གྲལ་བསྒྲིགས་ཏེ་ཁྱོད་ལ་རྒོལ་བར་འགྱུར་ཞེས་གསུངས། 24 རང་ཅག་གིས་དེ་ཚོའི་སྐོར་གྱི་གཏམ་ཐོས་ནས་ལག་རྩ་ལྷོད་དེ། རང་ཅག་ཟུག་རྔུ་དྲག་པོས་གདུངས་ནས་སྐྱེ་གཟེར་རྒྱག་པའི་བུད་མེད་ལྟར་ན་ཟུག་ལང་ངོ་། ། 25 ཕྱོགས་བཞིར་དགྲ་བོའི་རལ་གྲི་དང་འཇིགས་སྣང་ཡོད་པས་ཁྱོད་རྣམས་རི་ཐང་ལ་མ་འགྲོ། ལམ་བར་དུ་ཡང་མ་འགྲུལ་ཞིག 26 བདག་གི་མི་རྣམས་ལགས། རྐེད་པར་རྩིད་རས་གཡོགས་ཏེ་ཐལ་བའི་ནང་དུ་འགྲེ་ལྡོག་རྒྱོབ་ཅིག བུ་གཅིག་པུ་ཤོར་བ་བཞིན་དུ་མྱ་ངན་བྱོས་དང་། ཅི་ལ་ཞེ་ན། རྩ་མེད་དུ་གཏོང་མཁན་ནི་གློ་བུར་རང་ཅག་གི་སྟེང་དུ་སླེབ་པར་འགྱུར། 27 བདག་གིས་ཁྱོད་ནི་ངའི་འབངས་མིའི་ཞིབ་དཔྱོད་པ་དང་ཚོད་བརྟག་མཁན་དུ་བསྐོས་ཏེ། ཁྱོད་ཀྱིས་དེ་དག་གི་སྤྱོད་པ་ལ་ལྟ་ཞིབ་བྱས་ནས་ལེགས་ཉེས་འབྱེད་དགོས་པའོ། ། 28 དེ་དག་གིས་རབ་ཏུ་ངོ་ལོག་བྱེད་ཅིང་གང་སར་མི་ལ་དཀྲུག་ཤིང་འཕེན་པ་ཡིན། དེ་དག་ནི་ལི་དང་ལྕགས་ཡིན་ † འདིར་ལི་དང་ལྕགས་ཡིན་ཞེས་པ་ནི་ཁོ་ཚོའི་སེམས་གྱོང་པོ་ཡིན་པར་གོ་དགོས།ཏེ་ཐམས་ཅད་ངན་པར་གྱུར། 29 མེ་ལ་ཁོལ་མོ་ཤུགས་ཀྱིས་བརྒྱབ་ནས་ཞ་ཉེ་མེ་རུ་ཡང་ཡང་བཞུས་ནའང་མཐའ་མཇུག་སྟོང་བ་ཡིན། ཅི་ལ་ཞེ་ན། ངན་པ་ད་དུང་ཚར་གཅོད་མ་བྱས་པའོ། ། 30 དཀོན་མཆོག་ཡ་ཝཱེས་ཁོ་རྣམས་དོར་བ་ཡིན་པས་མི་ཡིས་དེ་དག་ལ་དོར་བའི་དངུལ་ཞེས་འབོད་པར་འགྱུར་རོ། །
*ལེའུ་དྲུག་པ།:2 འདིར་ཛ་ཡན་ཞེས་པ་ཡེ་རུ་སཱ་ལེམ་ལ་གོ་དགོས།
†ལེའུ་དྲུག་པ།:28 འདིར་ལི་དང་ལྕགས་ཡིན་ཞེས་པ་ནི་ཁོ་ཚོའི་སེམས་གྱོང་པོ་ཡིན་པར་གོ་དགོས།