ལེའུ་དྲུག་པ།
དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ཡེ་རུ་སཱ་ལེམ་དུ་ཁྱེར་བ།
1 ཡང་དཱ་བིད་ཀྱིས་ཡེས་ར་ཨེལ་ལས་བདམས་པའི་མི་ཁྲི་གསུམ་བསྡུས་པ་དང་། 2 དཱ་བིད་དང་མཉམ་དུ་ཡོད་པའི་མི་རྣམས་ཡར་ལངས་ནས་ལམ་ལ་ཆས་ཏེ་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ལེན་པར་པཱ་ཨལ་ཡ་ཧུ་དཱ་རུ་སོང་ཞིང་། ཤུར་སྒམ་དེ་ནི་ཀེ་རུབ་ཟུང་གི་གོང་དུ་བཞུགས་པའི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་མཚན་ནས་འབོད་པའོ། ། 3 ཁོ་ཚོས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ནི་མཐོ་སྒང་དུ་གནས་པའི་ཨ་བི་ནཱ་དབ་ཀྱི་ཁྱིམ་ནས་བཏོན་པ་དང་། ཤིང་རྟ་གསར་པ་ཞིག་ལ་བསྐྱོན་ནས་ཨ་བི་ནཱ་དབ་ཀྱི་བུ་ཨུ་ཟཱ་དང་ཨ་ཧི་ཨོ་གཉིས་ཀྱིས་ཤིང་རྟ་གསར་པ་དེ་དེད་པ་ཡིན་ནོ། ། 4 དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ཤིང་རྟའི་སྟེང་དུ་ཡོད་པ་དང་། ཨ་ཧི་ཨོ་ཞལ་ཆད་ཀྱི་ཤུར་སྒམ་གྱི་སྔོན་དུ་བསྐྱོད་དོ། ། 5 དཱ་བིད་དང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་གསོམ་ཤིང་གི་རོལ་ཆས་སྣ་ཚོགས་ཏེ། པི་ཝང་དང་རྒྱུད་མངས། སིལ་རྔ། སྦུག་ཆལ། སིལ་སྙན་བཅས་དཀྲོལ་ཞིང་གར་འཆམས་པའོ། ། 6 དེ་དག་ནཱ་ཀོན་གྱི་གཡུལ་ཁར་སླེབས་པའི་ཚེ། བ་གླང་སར་འགྱེལ་ལ་ཁད་བྱས་པས་ཨུ་ཟཱ་ཡིས་ལག་པ་བརྐྱངས་ནས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་བསྐྱོར་བ་དང་། 7 དཀོན་མཆོག་ཡ་ཝཱེ་ནི་ཨུ་ཟཱ་ལ་ཐུགས་རབ་ཏུ་ཁྲོས་ཤིང་། ཁོའི་སྤྱོད་ལམ་ནོར་འཁྲུལ་ཅན་དེའི་རྐྱེན་གྱིས་དཀོན་མཆོག་གིས་ཁོ་བསད་པ་དང་། ཁོ་རང་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་གྱི་གམ་དུ་ཤིའོ། ། 8 དཀོན་མཆོག་ཡ་ཝཱེས་གློ་བུར་ཉིད་དུ་ཨུ་ཟཱ་ལ་ཉེས་ཆད་བཅད་པས་དཱ་བིད་རབ་ཏུ་ཁྲོས་ནས་ཡུལ་དེའི་མིང་ལ་ཕེ་རེལ་ཟི་ཨུ་ཟཱ་* འདིར་ཕེ་རེལ་ཟི་ཨུ་ཟཱ་ཞེས་པ་ནི་ཨུ་ཟཱའི་སྟེང་ལ་ཁོང་ཁྲོ་རབ་ཏུ་འབར་བ་ཞེས་པའི་དོན་ཡིན། ཞེས་བཏགས་ཤིང་དེ་རིང་གི་བར་དུ་ལུས། 9 དེའི་ཉིན་ལ་དཱ་བིད་དཀོན་མཆོག་ཡ་ཝཱེ་ལ་འཇིགས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་ནི་བདག་གི་རྩར་འབྱོན་ག་ལ་རུང་ཞེས་སྨྲས། 10 དེའི་ཕྱིར་དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་རང་གི་གྲོང་ཁྱེར་དུ་འཁྱེར་མ་འདོད་པར། དེ་ལས་ལྡོག་སྟེ་གཱད་པ་ཨོ་བེད་ཨེ་དོམ་ཞེས་བྱ་བའི་ཁྱིམ་དུ་ཁྱེར། 11 དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་ཟླ་བ་གསུམ་གྱི་རིང་ལ་གཱད་པ་ཨོ་བེད་ཨེ་དོམ་གྱི་ཁྱིམ་དུ་ལུས་པ་དང་དཀོན་མཆོག་ཡ་ཝཱེས་ཨོ་བེད་ཨེ་དོམ་དང་དེའི་ཁྱིམ་མི་ཐམས་ཅད་ལ་བྱིན་གྱིས་བརླབས་སོ། ། 12 དེ་ནས་མི་རྣམས་ཀྱིས་རྒྱལ་པོ་དཱ་བིད་ལ། དཀོན་མཆོག་ཡ་ཝཱེས་ཨོ་བེད་ཨེ་དོམ་གྱི་ཁྱིམ་དང་དེ་ལ་གཏོགས་པ་ཐམས་ཅད་ལ་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་གྱི་རྐྱེན་གྱིས་བྱིན་གྱིས་བརླབས་པའོ་ཞེས་ཞུས་པས། དཱ་བིད་དགའ་དགའ་སྤྲོ་སྤྲོ་ངང་ལམ་དུ་ཆས་ཤིང་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དེ་ཨོ་བེད་ཨེ་དོམ་གྱི་ཁྱིམ་ནས་རང་གི་གྲོང་ཁྱེར་དུ་ཡར་གདན་དྲངས་སོ། ། 13 དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཁུར་མཁན་རྣམས་ཀྱིས་གོམ་པ་དྲུག་བརྒྱབ་མཚམས་སུ་དཱ་བིད་ཀྱིས་བ་གླང་གཅིག་དང་ཕྱུགས་ཤ་ཤེད་ཅན་གཅིག་མཆོད་པར་ཕུལ་ཏོ། ། 14 དཱ་བིད་ཀྱིས་སོ་རས་སྲབ་བུས་བཟོས་པའི་བེར་ཐུལ་གྱོན་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་གར་འཆམས། 15 དེ་ལྟར་དཱ་བིད་དང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཐམས་ཅད་ཀྱིས་དགའ་སྤྲོའི་འབོད་སྒྲ་བསྒྲགས་ཤིང་རྭ་དུང་བུས་ནས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་ཡར་གདན་དྲངས་སོ། ། 16 དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དཱ་བིད་ཀྱི་གྲོང་ཁྱེར་དུ་འབྱོར་བའི་ཚེ། སོ་ལོའི་སྲས་མོ་མི་ཀལ་གྱིས་སྒེའུ་ཁུང་ནས་བལྟས་པ་ན། རྒྱལ་པོ་དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་གནམ་ལྡིང་ས་ལྡིང་བྱེད་ཀྱིན་བྲོ་འཁྲབ་པ་མཐོང་བས། སེམས་ནས་ཁོ་ལ་མཐོང་ཆུང་བྱས། 17 དེ་ནས་དེ་དག་གིས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་ནང་དུ་གདན་དྲངས་པ་དང་། དཱ་བིད་ཀྱིས་དེའི་དོན་དུ་ཕུབ་པའི་གུར་མཆོག་གི་ནང་དུ་རང་སར་བཞག་ཅིང་། ཡང་དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཏོ། ། 18 དཱ་བིད་ཀྱིས་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་རྗེས་སུ། ཁོང་གིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་མི་ཐམས་ཅད་ལ་བྱིན་རླབས་གནང་ཞིང་། 19 ཡེས་ར་ཨེལ་གྱི་མི་ཐམས་ཅད་དེ་སྐྱེས་ཕོ་མོ་རེ་རེར་བག་ལེབ་རེ་དང་། ཤ་ལེབ་མོ་ † ཤ་ལེབ་མོ་ཞེས་པར་གནའ་བོའི་འགྱུར་ལས་ཁ་སུར་ལེབ་མོ་ཞེས་བསྒྱུར་ཡོད།རེ་དང་། རྒུན་འབྲུམ་སྐམ་པོ་ལེབ་མོ་རེ་བགོས་ནས་མི་ཐམས་ཅད་རང་རང་གི་ཁྱིམ་དུ་ལོག་པ་རེད། 20 དཱ་བིད་རང་གི་ཁྱིམ་མི་ལ་བྱིན་རླབས་སྩོལ་བའི་ཕྱིར་འོངས་པ་ན། སོ་ལོའི་སྲས་མོ་མི་ཀལ་ནི་དཱ་བིད་དང་འཕྲད་པར་འོངས་ཏེ་ཁོང་ལ། དེ་རིང་ཉིན་མོར་ཡེས་ར་ཨེལ་གྱི་རྒྱལ་པོ་ནི་ཅི་འདྲའི་གཟི་བརྗིད་ལྡན་ཨང་། ཁོང་ཉིད་རང་གི་བློན་འཁོར་གྱི་གཡོག་མོ་རྣམས་ཀྱི་མཐོང་སར་གཅེར་བུར་བུད་ཅིང་། དེ་ནི་མི་ཐ་མལ་བ་ཞིག་གིས་ངོ་ཚ་སྤངས་ནས་གཅེར་བུར་བུད་པ་དང་མཚུངས་སོ་ཞེས་སྨྲས་པར། 21 དཱ་བིད་ཀྱིས་མི་ཀལ་ལ། བདག་གིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་དེ་ལྟར་བྱས་པ་ཡིན་ཏེ། དཀོན་མཆོག་ཡ་ཝཱེས་བདག་ནི་ཁོང་གི་འབངས་མི་ཡེས་ར་ཨེལ་གྱི་མངའ་བདག་ཏུ་བསྐོས་ནས་ང་རང་བདམས་ཤིང་། ཁྱོད་ཀྱི་ཕ་དང་ཁྱོད་ཀྱི་ཕ་ཡི་རྒྱུད་ཐམས་ཅད་ལས་མཐོ་བར་མཛད་པས། བདག་གིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཞབས་བྲོ་འཁྲབ་ཅིང་སྤྲོ་སྐྱིད་གཏོང་ངོ་། ། 22 བདག་ནི་འདི་ལས་ཀྱང་ལྷག་པར་དམའ་བར་འགྱུར་བ་དང་། རང་གི་མཐོང་ངོར་དམན་ས་འཛིན་པར་འདོད་དེ། ཡང་ཁྱོད་ཀྱིས་གླེང་བའི་གཡོག་མོ་རྣམས་ཀྱིས་བདག་ལ་བཀུར་བསྟི་བྱེད་པ་ཡིན་ཞེས་སྨྲས་སོ། ། 23 སོ་ལོའི་སྲས་མོ་མི་ཀལ་ལ་འཆི་བའི་བར་དུ་ཕྲུ་གུ་མ་སྐྱེས་སོ། །
*ལེའུ་དྲུག་པ།:8 འདིར་ཕེ་རེལ་ཟི་ཨུ་ཟཱ་ཞེས་པ་ནི་ཨུ་ཟཱའི་སྟེང་ལ་ཁོང་ཁྲོ་རབ་ཏུ་འབར་བ་ཞེས་པའི་དོན་ཡིན།
†ལེའུ་དྲུག་པ།:19 ཤ་ལེབ་མོ་ཞེས་པར་གནའ་བོའི་འགྱུར་ལས་ཁ་སུར་ལེབ་མོ་ཞེས་བསྒྱུར་ཡོད།