ལེའུ་ཉེར་བདུན་པ།
དཱ་བིད་ཡང་བསྐྱར་ཕེ་ལེ་ཤེད་པ་རྣམས་ཀྱི་ཁྲོད་དུ་བྲོས་པ།
1 ཡང་དཱ་བིད་ཀྱི་སེམས་སུ། ཉིན་ཞིག་ང་སོ་ལོའི་ལག་ནས་འཆི་བར་འགྱུར། ང་མྱུར་དུ་ཕེ་ལེ་ཤེད་པའི་ཡུལ་དུ་འབྲོ་བ་ལས་ཐབས་གཞན་གང་ཡང་མི་འདུག དེ་ནས་སོ་ལོ་ནི་ཡེས་ར་ཨེལ་གྱི་ས་མཚམས་ཐམས་ཅད་ལ་འཚོལ་བར་ངལ་བ་དང་ང་རང་ཁོའི་ལག་ནས་ཐར་བར་འགྱུར་བསམས་ཏེ། 2 དཱ་བིད་དང་མཉམ་དུ་ཡོད་པའི་མི་དྲུག་བརྒྱ་ཐོན་ནས་གཱད་ཀྱི་རྒྱལ་པོ་མཱ་ཨོག་གི་བུ་ཨ་ཀི་སི་བྱ་བའི་དྲུང་དུ་ཕྱིན། 3 ཡང་དཱ་བིད་དང་ཁོའི་མི་རྣམས་གཱད་ཅེས་པའི་ཡུལ་དུ་ཨ་ཀི་སི་ཡི་དྲུང་དུ་གནས་པ་དང་དེར་མི་རེ་ལ་ཁྱིམ་རེ་ཡོད་ཅིང་། དཱ་བིད་དང་མཉམ་དུ་ཆུང་མ་གཉིས་པོ་སྟེ། ཡེ་སི་རེ་ཨེལ་གྱི་བུད་མེད་ཨ་ཧི་ནོ་ཨམ་དང་ཀར་མེལ་གྱི་བུད་མེད་དེ་སྔར་ནཱ་རྦལ་གྱི་ཆུང་མ་ཡིན་པ་ཨ་བི་གཱ་ཡིལ་ཞེས་པ་གཉིས་དེར་གནས་པ་རེད། 4 དེ་ནས་སོ་ལོས་དཱ་བིད་ནི་གཱད་ཡུལ་དུ་བྲོས་པའི་སྐད་ཆ་ཐོས་པ་དང་ཁོ་འཚོལ་བ་སྤངས་སོ། །
5 དེ་ནས་དཱ་བིད་ཀྱིས་ཨ་ཀི་སི་ལ་གལ་ཏེ་ང་ལ་ཁྱེད་ཀྱི་སྤྱན་དྲུང་དུ་ཐུགས་རྗེ་ཐོབ་པ་ཡིན་ན། ང་རང་གྲོང་རྡལ་ཞིག་ཏུ་གནས་པའི་ཕྱིར་ས་ཆ་ཞིག་གནང་རོགས། ཉིད་ཀྱི་ཞབས་ཕྱི་བདག་ནི་ཁྱེད་དང་མཉམ་དུ་རྒྱལ་ས་རུ་གནས་དགོས་དོན་ཅི་ཡོད་ཅེས་ཞུས་པས། 6 ཉིན་དེ་ལ་ཨ་ཀི་སི་ཡིས་དཱ་བིད་ལ་ཙིག་ལག་ཅེས་པའི་ས་ཆ་བཏང་བས། དེ་རིང་གི་བར་དུ་ཙིག་ལག་ནི་ཡ་ཧུ་དཱའི་རྒྱལ་པོ་ལ་དབང་བ་ཡིན། 7 དཱ་བིད་ནི་ཕེ་ལེ་ཤེད་པའི་ཡུལ་དུ་ལོ་གཅིག་དང་ཟླ་བཞི་ཡི་རིང་ལ་གནས་པ་ཡིན་ནོ། །
8 ཡང་དཱ་བིད་དང་དེའི་མི་རྣམས་སོང་སྟེ། གེ་ཤུར་པ་དང་གིར་ཟི་པ་དང་ཨ་མཱད་ལེག་པ་སྟེ། མི་རིགས་གསུམ་ལ་དམག་དྲངས་པ་དང་། མི་རིགས་དེ་གསུམ་ནི་ཤུར་ཞེས་པའི་དབེན་སྟོང་བརྒྱུད་ནས་ཨེ་ཅིབ་ཡུལ་བར་གནའ་བོའི་དུས་ནས་གནས་པ་ཡིན། 9 དཱ་བིད་ཀྱིས་ཡུལ་དེར་རྒོལ་ནས་སྐྱེས་པ་དང་བུད་མེད་གཉིས་གསོན་པོར་མ་བཞག་པར་ར་ལུག་དང་བ་གླང་། བོང་བུ་དང་རྔ་མོང་། གོས་སོགས་ཕྲོགས་ནས་ཕྱིར་ལོག་སྟེ་ཨ་ཀི་སི་ཡི་མདུན་དུ་ཕྱིན། 10 དེ་ནས་ཨ་ཀི་སི་ཡིས་དེ་རིང་ཁྱོད་གང་ལ་རྒོལ་དུ་སོང་ངམ་ཞེས་དྲིས་པར། ལན་དུ་དཱ་བིད་ཀྱིས་མཚམས་རེར་ངེད་ཅག་ཡ་ཧུ་དཱ་ཡུལ་གྱི་ནེ་གུབ་ཡུལ་ལ་རྒོལ་དུ་ཕྱིན་པ་ཡིན་ཞེས་དང་། མཚམས་རེར་ངེད་ཅག་ཡིར་ཧིམ་ཨེལ་གྱི་ནེ་གུབ་ཡུལ་ལ་རྒོལ་དུ་ཕྱིན་པ་ཡིན་ཞེས་དང་། ཡང་མཚམས་རེར་ངེད་ཅག་ཀེ་ནེ་པའི་ནེ་གུབ་ཡུལ་ལ་རྒོལ་དུ་ཕྱིན་པ་ཡིན་ཞེས་སྨྲས། 11 དཱ་བིད་ཀྱིས་ཅིའི་ཕྱིར་སྐྱེས་པ་དང་བུད་མེད་རྣམས་གསོན་པོར་མ་བཞག་གམ་ཞེ་ན། དེ་དག་གིས་གཱད་ཡུལ་དུ་དཱ་བིད་ཀྱིས་དེ་ལྟར་བྱས་སོང་ཞེས་དཔང་པོ་མི་བྱེད་པའི་ཕྱིར། ཕེ་ལེ་ཤེད་པའི་ཡུལ་དུ་གནས་པའི་རིང་ལ་ཁོས་རྒྱུན་དུ་དེ་ལྟར་བྱས་པ་རེད། 12 ཡང་ཨ་ཀི་སི་ནི་དཱ་བིད་ཀྱི་གཏམ་ལ་ཡིད་ཆེས་ཏེ་སེམས་སུ། ཁོ་ནི་ཡེས་ར་ཨེལ་གྱི་མི་རྣམས་ཀྱི་མདུན་དུ་ངེས་པར་སྐྱུག་བྲོ་བར་གྱུར་པས་རྒྱུན་དུ་ངའི་ཞབས་ཕྱི་རུ་ལུས་པར་འགྱུར་ཞེས་སྨྲས་སོ། །