ལེའུ་གསུམ་པ།
སཱ་མུ་ཨེལ་ལ་ཐེངས་དང་པོར་ལུང་བསྟན་བྱུང་བ།
དེ་ནས་བུ་ཆུང་སཱ་མུ་ཨེལ་གྱིས་ཨེ་ལིའི་མདུན་དུ་ཡ་ཝཱེ་ལ་ཞབས་ཏོག་བསྒྲུབས་ཤིང་། ཉིན་དེ་དག་གི་རིང་ལ་དཀོན་མཆོག་ཡ་ཝཱེའི་བཀའ་ནི་དཀོན་པོ་ཡིན་ཏེ། ལུང་བསྟན་གྱི་ཉམས་སྣང་ཙམ་ཡང་མ་བྱུང་ངོ་། ། དེ་ནས་ཉིན་ཞིག་ལ་ཨེ་ལི་རང་གི་མལ་སའི་ནང་ངལ་གསོ་བའི་སྐབས་སུ། ཁོའི་མིག་དབང་ཉམས་ནས་མཐོང་མ་ཐུབ་པ་བྱུང་། དཀོན་མཆོག་ཡ་ཝཱེའི་གུར་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ཡོད་ས་རུ། ཁོང་གི་སྒྲོན་མེ་མ་གཟིམ་གོང་ལ་སཱ་མུ་ཨེལ་གནས་དེ་རུ་གཉིད་ལོག་པ་རེད། དཀོན་མཆོག་ཡ་ཝཱེས་སཱ་མུ་ཨེལ་ཞེས་བོས་པས། དེས་ལན་དུ། ང་འདི་རུ་ཡོད་ཅེས་ཞུས་ནས། ཁོ་རང་ཨེ་ལིའི་མདུན་དུ་བརྒྱུགས་ནས་ང་འདི་རུ་ཡོད། ཁྱེད་ཀྱིས་ང་བོས་པ་ཡིན་ནམ་ཞེས་ཞུས་པའི་ལན་དུ་དེ་ན་རེ། ངས་ཁྱོད་རང་མ་བོས། སླར་ཡང་གཉིད་དུ་སོང་ཞིག་ཅེས་བསྐུལ་བས། ཁོ་སོང་སྟེ་གཉིད་ལོག་པ་རེད། དཀོན་མཆོག་ཡ་ཝཱེས་སླར་ཡང་སཱ་མུ་ཨེལ་ཞེས་བོས་པ་ལ། ཡང་སཱ་མུ་ཨེལ་ལངས་ནས་ཨེ་ལིའི་མདུན་དུ་སོང་སྟེ། ང་རང་འདི་རུ་ཡོད་དེ་ཁྱེད་ཀྱིས་ང་བོས་པ་ཡིན་ནམ་ཞེས་ཞུས། དེས་ལན་དུ། ངའི་བུ། བདག་གིས་ཁྱོད་མ་བོས། སླར་ཡང་གཉིད་དུ་སོང་ཞིག་ཅེས་བསྒོས་སོ། ། སཱ་མུ་ཨེལ་གྱིས་དེའི་བར་དུ་དཀོན་མཆོག་ཡ་ཝཱེ་ངོ་མ་ཤེས་པར་མ་ཟད། དཀོན་མཆོག་ཡ་ཝཱེའི་བཀའ་ཡང་དེའི་བར་དུ་ཁོ་ལ་མངོན་པར་མ་མཛད་དོ། ། ཡང་ལན་གསུམ་པར་དཀོན་མཆོག་ཡ་ཝཱེས་སཱ་མུ་ཨེལ་ཞེས་བོས་པས། ཁོ་རང་ལངས་ནས་ཨེ་ལིའི་མདུན་དུ་སོང་སྟེ། ང་རང་འདི་རུ་ཡོད། ཁྱེད་ཀྱིས་ང་རང་བོས་པ་ཡིན་ནམ་ཞེས་ཞུས། དེ་ནས་ཨེ་ལིས་བུ་ཆུང་འབོད་མཁན་དེ་ནི་དཀོན་མཆོག་ཡ་ཝཱེ་ཡིན་པ་རྟོགས་པ་རེད། དེའི་ཕྱིར་ཨེ་ལིས་སཱ་མུ་ཨེལ་ལ། ད་སོང་ལ་ཉལ་ནས་སྡོད་ཅིག ད་དུང་སྐད་ཅིག་བྱུང་ནས་ཁྱོད་འབོད་ན་འདི་ལྟར། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། གསུང་གནང་བར་མཛོད་དང་། ཁྱེད་ཀྱི་ཞབས་ཕྱིས་མཉན་ཡོད་ཅེས་ཞུས་ཤིག་ཅེས་བསྐུལ་བས། སཱ་མུ་ཨེལ་སོང་སྟེ་རང་གི་མལ་སར་ཉལ་ཏོ། །
10 ཡང་དཀོན་མཆོག་ཡ་ཝཱེ་ཕེབས་འོངས་པ་དང་། སྔོན་ལྟར་སཱ་མུ་ཨེལ། སཱ་མུ་ཨེལ་ཞེས་བོས། དེ་ནས་སཱ་མུ་ཨེལ་གྱིས། གསུང་གནང་བར་མཛོད་དང་ཁྱེད་ཀྱི་ཞབས་ཕྱིས་མཉན་ཡོད་ཅེས་ཞུས། 11 ཡང་དཀོན་མཆོག་ཡ་ཝཱེས་སཱ་མུ་ཨེལ་ལ་འདི་སྐད་དུ། ཉོན་དང་། ངས་ཡེས་ར་ཨེལ་གྱི་ཁྲོད་དུ་བྱ་བ་ཞིག་བྱེད་པར་འགྱུར། བྱ་བ་དེ་ཐོས་པའི་མི་རེ་རེའི་རྣ་བར་ཟུག་རྔུ་ལང་ངེས། 12 དེའི་ཉིན་ལ་ངས་ཨེ་ལི་དང་དེའི་རྒྱུད་ཀྱི་སྐོར་ལ་སྨྲས་པའི་གཏམ་ཐམས་ཅད་ཐོག་མ་ནས་མཐའ་མའི་བར་དུ་བསྒྲུབ་པར་བྱ། 13 གང་ལ་ཞེ་ན། ངས་ཁོ་ལ་སྔར་ཅི་སྨྲས་པ་བཞིན་དུ། ཁོའི་རྒྱུད་ཀྱིས་བྱས་པའི་སྡིག་པ་ཐམས་ཅད་ཀྱི་ཕྱིར་དུས་གཏན་དུ་ཉེས་ཆད་གཅོད་པར་བྱ། དེ་ནི་ཁོས་རང་གི་བུ་གཉིས་ཀྱིས་བྱ་བ་ངན་པ་བྱས་པ་དང་། དམོད་མོ་ཐེབས་འོས་པ་ཤེས་ཀྱང་མ་བཀག་པས་སོ། ། 14 དེའི་ཕྱིར་ངས་འདི་ལྟར་མནའ་བསྐྱལ་བ་སྟེ། ཨེ་ལི་དང་དེའི་རྒྱུད་ཀྱི་སྡིག་པ་ནི་མཆོད་པ་དང་སྦྱིན་སྲེག་གིས་ནམ་ཡང་སེལ་བར་མི་འགྱུར་ཞེས་གསུངས་སོ། །
15 ཡང་སཱ་མུ་ཨེལ་ནམ་ལངས་པའི་བར་དུ་ཉལ་བ་དང་། དེ་ནས་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་ཀྱི་སྒོ་ཕྱེས་ཤིང་། སཱ་མུ་ཨེལ་ནི་ཨེ་ལི་ལ་ལུང་བསྟན་གྱི་ཉམས་སྣང་དེ་སྨྲ་བར་འཇིགས་པ་རེད། 16 ཨེ་ལི་ཡིས་སཱ་མུ་ཨེལ་ལ། ཀྱེ་སཱ་མུ་ཨེལ། ངའི་བུ་ཞེས་བོས་པའི་ལན་དུ་དེས་ང་རང་འདི་རུ་ཡོད་ཅེས་ཞུས། 17 ཡང་ཨེ་ལི་ཡིས། དཀོན་མཆོག་ཡ་ཝཱེས་ཁྱོད་ལ་གསུངས་པའི་བཀའ་དེ་ཅི་ཡིན་ཤོད་དང་། དེ་ནི་ང་རང་ལ་མི་སྦ་བར་གྱིས། ཁྱོད་ལ་གསུངས་པའི་བཀའ་དེ་ང་ལ་སྦས་ན། དཀོན་མཆོག་གིས་ཁྱོད་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག་ཅེས་སྨྲས་པས། 18 སཱ་མུ་ཨེལ་གྱིས་གསུང་ཐམས་ཅད་ཨེ་ལི་ལ་ཞུས་པ་སྟེ་གང་ཡང་མ་སྦས་སོ། །ཡང་ཨེ་ལི་ཡིས། ཁོང་ནི་དཀོན་མཆོག་ཡ་ཝཱེ་ལགས་པས། ཁོང་གིས་ཉིད་ཀྱི་སྤྱན་སྔར་གང་ལེགས་པ་དེ་མཛད་པར་གྱུར་ཅིག་ཅེས་སྨྲས་སོ། །
སཱ་མུ་ཨེལ་ལུང་སྟོན་པར་བསྐོས་པ།
19 ཡང་སཱ་མུ་ཨེལ་ནར་སོན་པ་དང་། དཀོན་མཆོག་ཡ་ཝཱེ་ཁོ་དང་མཉམ་དུ་བཞུགས་ཏེ། དཀོན་མཆོག་ཡ་ཝཱེས་ཁོའི་ཚིག་གཅིག་ཀྱང་དོན་མེད་དུ་མ་མཛད་དོ། ། 20 ཡང་བྱང་ཕྱོགས་སུ་ཡོད་པའི་དཱན་ནས་ལྷོ་ཕྱོགས་སུ་ཡོད་པའི་པེར་ཤ་བཱ་ཡི་བར་དུ། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་སཱ་མུ་ཨེལ་ནི་དཀོན་མཆོག་ཡ་ཝཱེས་བསྐོས་པའི་ལུང་སྟོན་པ་ཡིན་པ་ཤེས། 21 དཀོན་མཆོག་ཡ་ཝཱེ་སླར་ཡང་ཞི་ལོ་རུ་མངོན་སུམ་དུ་བྱུང་སྟེ། ཉིད་ཀྱི་བཀའ་ཡི་སྒོ་ནས་སཱ་མུ་ཨེལ་ལ་མངོན་པར་མཛད་པ་ཡིན་ནོ། །